༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་རང་ཉིད་ནང་པའི་དགེ་སློང་ཕལ་པ་ཞིག་ཡིན་ཞེས་གསུང་གི་ཡོད། ཁོང་ནི་བོད་མི་རིགས་ཀྱི་ཆོས་སྲིད་ཀྱི་དབུ་ཁྲིད་ཡིན། སྤྱི་ལོ་ ༡༩༣༥ ཟླ་ ༧ ཚེས་ ༦ ཉིན་བོད་བྱང་ཤར་ཨ་མདོ་སྟག་འཚེར་གྱི་ཞིང་པའི་ཁྱིམ་ཚང་ཞིག་ཏུ་སྐུ་འཁྲུངས། སྐུ་ན་ལོ་གཉིས་ལ་ལྷ་མོ་དོན་གྲུབ་ཅེས་པའི་བྱིས་པ་དེ་ཉིད་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོའི་ཡང་སྲིད་དུ་ངོས་འཛིན་མཛད།
ཏཱ་ལའི་བླ་མ་མཆོག་རྣམས་ནི་སྤྱན་རས་གཟིགས་ཐུགས་རྗེ་ཆེན་པོའི་རྣམ་འཕྲུལ་དུ་གྲགས་ཤིང་། སྤྱན་རས་གཟིགས་ནི་ཐུགས་རྗེའི་བྱང་ཆུབ་སེམས་དཔའ་དང་བོད་ཀྱི་སྐྱབས་མགོན་ཡིན། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་སྨོན་ཞིང་འགྲོ་བ་ལ་ཕན་པའི་ཕྱིར་ཡང་ཡང་འཇིག་རྟེན་དུ་སྐྱེ་བར་དམ་བཅའ་མཛད་པའི་རྟོགས་ལྡན་རྣམས་ཡིན།
