མཁན་རིན་པོ་ཆེ་ཐུབ་བསྟན་འོད་ཟེར་ནི་ཨ་ཁུ་ཟླ་ལུ་མཁན་པོ་ཚེ་དབང་རིག་འཛིན་གྱི་དྲུང་དུ་འཚར་ལོངས་བྱུང་ཞིང་། ཡི་གེ་ཀློག་འབྲི་དང་ཆོ་ག་སྨོན་ལམ་གྱི་ཁ་འདོན་སོགས་སྦྱངས། དགུང་ལོ་བཅུ་བཞི་ཙམ་ལ་ཨ་ཁུ་ཟླ་ལུ་པ་ཆེན་པོས་ཁོང་མཁན་པོ་ཐུབ་དགའ་ (ཐུབ་བསྟན་ཆོས་འཕེལ་) དང་སྤོ་བ་སྤྲུལ་སྐུ་མདོ་སྔགས་བསྟན་པའི་ཉི་མའི་དྲུང་དུ་སློབ་གཉེར་ལ་བཏང་། མཁན་པོ་ཐུབ་དགའ་ལས་ལོ་གཅིག་ལྷག་སློབ་གཉེར་མཛད་དེ་དགེ་ཚུལ་གྱི་སྡོམ་པ་ཞུས། དེ་རྗེས་ལོ་བཅུ་ཙམ་གྱི་རིང་སྐྱབས་མགོན་ཀུན་གཟིགས་མདོ་སྔགས་བསྟན་པའི་ཉི་མ་ལས་རྗེ་འཇམ་མགོན་མི་ཕམ་རྣམ་རྒྱལ་རྒྱ་མཚོའི་གསུང་རབ་ཡོངས་རྫོགས་གསན།
ཕྱིས་སུ་བཙན་བྱོལ་དུ་མི་ཕམ་རིན་པོ་ཆེ་དང་མདོ་སྔགས་བསྟན་པའི་ཉི་མའི་བརྒྱུད་པའི་གདུང་འཛིན་དུ་གྱུར་རྗེས། ཁོང་ནི་རྙིང་མ་པའི་མཁན་པོ་གྲགས་ཅན་ཞིག་ཏུ་གྱུར། རྒྱ་གར་བྱང་ཕྱོགས་པ་གན་ལུང་པར་ལོ་བཅུ་གསུམ་ཙམ་མཚམས་ལ་བཞུགས་རྗེས་སློབ་མ་མང་པོས་བསྐོར་ཏེ་སྤྲུལ་སྐུ་དང་མཁན་པོ། བླ་མ། གྲྭ་བཙུན་རྣམས་ལ་ཆོས་འཆད་མཛད། ཁྱད་པར་བཙུན་མ་རྣམས་ལ་གྲྭ་པ་དང་མཉམ་པར་བརྩི་ཞིང་སློབ་གསོ་གནང་བར་གྲགས། སྤྱི་ལོ་ ༢༠༠༠ ལོར་སྐུ་གཤེགས།
