ལྟ་སྤྱོད་ཉམས་ལེན་ལ་སྐུལ་བའི་གླུ་ཆུང་།
ཡང་གཅིག་གསོན་དང་སྐལ་ལྡན་ཆོས་ཀྱི་མཆེད། །
རང་ཅག་རྣམས་ནི་ཡུལ་འདིའི་འགྲོན་པོ་ཡིན། །
གནས་ལ་ཆགས་པ་མ་བྱེད་འགྲོ་གྲབས་ཀྱིས། །
སྡོད་པའི་ཡུན་ལ་བཀའ་དྲིན་བསམ་ཤེས་དགོས། །
རང་འདོད་མ་ཆེ་གཞན་ཕན་གང་མྱུར་སྒྲུབས། །
ལུས་འདི་སྙིང་པོ་མེད་ལ་སྙིང་པོ་ལོངས། །
ཚེ་འདི་རྟག་པ་མེད་པས་རྟག་འཛིན་ལྡོག །
སྲོག་འདི་ཡིད་བརྟན་མེད་པས་གཤིས་ལུགས་སོམས། །
ཆོས་ལ་ཕྱི་བཤོལ་མ་བྱེད་ད་ལྟ་སྒྲུབས། །
ནོར་ལ་ཆགས་ཞེན་མ་བྱེད་མཆོད་སྦྱིན་གྱིས། །
གྲོགས་ལ་རེ་དོགས་མ་ཆེ་གུ་ཡངས་མཛོད། །
འགྲོ་ལ་གནོད་སེམས་མ་བྱེད་ཕན་པ་སྒྲུབས། །
ལས་ལ་བསླུ་བ་མེད་པས་ཡིད་ཆེས་དགོས། །
རང་ལ་བསོད་ནམས་དགོས་པས་ཚོགས་གཉིས་འབུངས། །
མི་ལ་རང་ཚུགས་དགོས་པས་དྲང་པོར་སྡོད། །
སེམས་ལ་བརྟན་ཆ་དགོས་པས་ཞི་གནས་སྒོམས། །
གཞི་ལ་བཟང་ངན་དག་པའི་ལྟ་བ་དགོས། །
ལམ་ལ་བདེ་བར་བགྲོད་པའི་ཐབས་ཤེས་དགོས། །
འབྲས་བུ་རྩོལ་མེད་འཆར་བའི་རྟོགས་པ་དགོས། །
དོན་གང་ལྷུན་གྱིས་འགྲུབ་པའི་ཐབས་མཁས་དགོས། །
སངས་རྒྱས་བྱང་སེམས་དབྱིངས་ནས་དུས་རྟག་ཏུ། །
རྩ་བརྒྱུད་བླ་མ་རྣམས་ཀྱང་དུས་རྟག་ཏུ། །
བརྩེ་བ་སྙིང་རྗེ་ཆེན་པོས་གཟིགས་ཡོད་པས། །
དེ་དོན་དྲན་གྱིན་དྲན་གྱིན་གསོལ་བ་ཐོབ། །
དུས་གསུམ་རྒྱལ་བ་དབྱིངས་ནས་དགྱེས་པ་ཞིག །
རིག་འཛིན་མ་ཚོགས་རྣམས་ཀྱི་གཅེས་ཕྲུག་ཅིག །
ཉམ་ཐག་འགྲོ་བ་ཀུན་གྱི་སྙིང་ནོར་ཞིག །
རང་ཉིད་རང་ངོ་ཤེས་པའི་མཁས་པ་ཞིག །
དོན་ལ་ཨེ་འོང་རང་གིས་རང་ལ་ལྟོས། །
གཞན་ལ་ལེ་ཁག་མ་བྱེད་ཕ་ཡི་བུ། །
ཕ་རྒན་རིག་འཛིན་རྒོད་པོ་འཕུར་ཤུལ་དུ། །
ཐང་ཕྲུག་ནམ་འཕང་གཅོད་པའི་རྟེན་འབྲེལ་ཡོད། །
ཅེས་ཤོ་ལོ་ཀ་འཕགས་ལམ་བརྒྱད་ཀྱི་གྲངས་ལྡན་འདི་ནི་མེ་བྱ་ལོ་བོད་ཟླ་བཅུ་གཉིས་པའི་ཚེས་༡༠ ཉིན་གྱི་སྔ་དྲོ་རི་བོ་བསང་མཆོད་ཀྱི་ངག་འདོན་གྲུབ་རྗེས་གདན་ཐོག་གཅིག་ཏུ་གསང་སྔགས་བསྟན་འཛིན་གྱི་རིག་ཀློང་ནས་རྩོལ་མེད་དུ་ཤར་བ་བཞིན་ཡི་གེའི་གཟུགས་སུ་བཀོད་པ་དགེའོ། །
26/01/2018