ནང་དོན་ལ་མཆོང་།
གསང་སྔགས་བསྟན་འཛིན་རིན་པོ་ཆེ།
བོདENVIРУ
བོདENVIРУ
གསུང་རྩོམ་ཚང་མ།
January 1, 2020 · ཀློག་སྐར་མ་ 1

དགའ་སྐྱོ་གཉིས་འཛོམ་གྱི་གླུ་ཐོལ་བྱུང་སྒྱུ་མའི་ངལ་སྟེགས་ཞེས་བྱ་བ།

དགའ་སྐྱོ་གཉིས་འཛོམ་གྱི་གླུ་ཐོལ་བྱུང་སྒྱུ་མའི་ངལ་སྟེགས་ཞེས་བྱ་བ།
དགའ་སྐྱོ་གཉིས་འཛོམ་གྱི་གླུ་ཐོལ་བྱུང་སྒྱུ་མའི་ངལ་སྟེགས་ཞེས་བྱ་བ།
དྲིན་ཅན་བླ་མའི་ཞབས་ལ་གསོལ་བ་འདེབས། །
དེ་རིང་སྙན་པའི་གླུ་ཞིག་ལེན་པར་འདོད། །
བྱིན་རླབས་ན་བུན་ལ་ངེ་ལིང་ངེ་འཁྲིགས། །
དངོས་གྲུབ་ཆར་ཆུ་ཟིལ་མ་ཟིམ་ཞིག་འབབ། །
བདག་དང་ཆོས་མཐུན་སྐལ་མཉམ་གྲོགས་རྣམས་ཀྱིས། །
དགའ་སྐྱོ་གཉིས་འཛོམ་གླུ་འདི་ཐེངས་གཅིག་གསོན། །
མཚན་ལྡན་བླ་མ་མཇལ་བས་དགའ་ནས་ཡོད། །
དོན་ལྡན་ཞབས་ཏོག་མ་ནུས་སྐྱོ་ནས་ཡོད། །
ཕ་མས་ཆོས་ལ་བཏང་བས་དགའ་ནས་ཡོད། །
ཕ་མར་དྲིན་ལན་མ་བསབས་སྐྱོ་ནས་ཡོད། །
དལ་བའི་ལུས་རྟེན་ཐོབ་པས་དགའ་ནས་ཡོད། །
ཆོས་ལ་བརྩོན་འགྲུས་མ་ནུས་སྐྱོ་ནས་ཡོད། །
རྟག་འཛིན་བློ་སྣ་ཟློག་པས་དགའ་ནས་ཡོད། །
ཉམས་ལེན་ཕྱི་བཤོལ་ཤོར་བས་སྐྱོ་ནས་ཡོད། །
འཁོར་བ་ཞེན་པ་ཆོད་པས་དགའ་ནས་ཡོད། །
ཐར་བ་ད་དུང་མ་འགྲུབ་སྐྱོ་ནས་ཡོད། །
ལས་འབྲས་བསླུ་མེད་གོ་བས་དགའ་ནས་ཡོད། །
བླང་དོར་བློ་གྲོས་མ་རྫོགས་སྐྱོ་ནས་ཡོད། །
བདེ་ཆེན་དམ་ཆོས་མཇལ་བས་དགའ་ནས་ཡོད། །
བདེ་དགའ་རྒྱ་མཚོ་མ་ཐོབ་སྐྱོ་ནས་ཡོད། །
སྐྱབས་འགྲོའི་ཡོན་ཏན་དྲན་བཞིན་དགའ་ནས་ཡོད། །
བློ་གཏད་ལིང་བསྐྱུར་མ་ནུས་སྐྱོ་ནས་ཡོད། །
སེམས་བསྐྱེད་རིན་ཆེན་མཇལ་བས་དགའ་ནས་ཡོད། །
གཞན་ཕན་མཐའ་རུ་མ་ཕྱིན་སྐྱོ་ནས་ཡོད། །
བསྐྱེད་རྫོགས་ཟབ་མོ་ཐོབ་པས་དགའ་ནས་ཡོད། །
མཆོག་ཐུན་དངོས་གྲུབ་མ་རྫོགས་སྐྱོ་ནས་ཡོད། །
ཆོས་ཀུན་སྟོང་ཉིད་གོ་བས་དགའ་ནས་ཡོད། །
སྒྱུ་མའི་ལྟད་མོ་མ་རྫོགས་སྐྱོ་ནས་ཡོད། །
རྫོགས་ཆེན་གདམས་ངག་ཐོབ་པས་དགའ་ནས་ཡོད། །
ཉམས་ལེན་གཤོག་རྩལ་མ་རྒྱས་སྐྱོ་ནས་ཡོད། །
འགྲོ་དོན་གྲངས་མེད་མཐའ་རུ་མ་ཕྱིན་པར། །
བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་འཛུག་ནུས་ཤོག །
ཅེས་དགའ་སྐྱོ་གཉིས་འཛོམ་གྱི་གླུ་ཐོལ་བྱུང་སྒྱུ་མའི་ངལ་སྟེགས་ཞེས་བྱ་བ་འདི་ནི། སྔགས་པ་རྡོ་རྗེ་འཛིན་པ་གསང་སྔགས་བསྟན་འཛིན་ནས་བལ་ཡུལ་འཕགས་པའི་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རང་གནས་བསམ་གཏན་གྲུབ་པའི་ལྡིང་ཁང་དུ། ཐུན་ལ་གཞོལ་བའི་བར་གསེང་ཞིག་ཏུ་འཇམ་ཆར་དལ་གྱིས་འབབ་པའི་སྐབས་སུ་བཀྲ་ཤིས་རྟགས་བརྒྱད་ཀྱི་གྲངས་ལྡན་གླུ་དབྱངས་འདི་བླངས་པས་ཕན་བདེའི་ཆར་རྒྱུན་རྒྱུན་ཆད་མེད་པར་གྱུར་ཅིག།
རབ་བྱུང་བཅུ་བདུན་པའི་ལྕགས་བྱི་ལོ་བོད་ཟླ་གསུམ་པའི་ཚེས་བཅུ་གཅིག་ཉིན་ཤར་མར་ཡིག་ཐོག་ཏུ་བྲིས་པ་དགེའོ། ། 03/05/2020
མུ་མཐུད་ཀློག